wildyaks
Wildyaks
>
བོད་པའི་ཕ་གཅིག་གི་འགན་དེ་ཁུར་ཡོད་བསམ་པའི་སྤོབས་པ་ཡོད།
བོད་པའི་ཕ་གཅིག་གི་འགན་དེ་ཁུར་ཡོད་བསམ་པའི་སྤོབས་པ་ཡོད།
ཁྲོ་ཆུའི་དོན་གྲུབ་ནི་བྱང་ཨ་རིའི་རྒྱལ་ཁབ་ཁ་ན་ཌའི་གྲོང་ཁྱེར་ཀྲོ་རན་ཀྲོར་བཞུགས་ཡོད་པའི་བོད་པ་ཞིག་ཡིན། ཁོང་ལ་བྱིས་པ་ཆུང་ཆུང་གཉིས་ཡོད་པ་དང་བྱིས་པ་གསོ་སྐྱོང་གི་ལས་དོན་ལ་ཧ་ཅང་ནན་ཏན་གནང་མཁན་ཞིག་ཡིན། ཁོང་གི་བྱིས་པ་གཉིས་ཀྱིས་བོད་སྐད་ཆུ་རྒྱུགས་པ་ལྟར་བཤད་ཤེས་ཀྱི་ཡོད་པ་རེད།
དོན་གྲུབ་གྱིས་གསུང་དོན། སྔོན་ཆད་ཁོང་དང་རི་མོ་བ་སྐོར་ཞིག་བྱང་ཨ་རིའི་ནང་དུ་སྐོར་སྐྱོད་ལ་ཕྱིན་སྐབས་ཨ་རི་ནས་འཚར་ལོངས་བྱུང་བའི་བོད་པའི་གཞོན་སྐྱེས་མང་བོར་ཐུག་མྱོང་བ་དང་། གཞོན་སྐྱེས་ཚོས་ཁོང་ཚོར་དགའ་བསུ་ཡག་པོ་དང་དགའ་བའི་རྣམ་འགྱུར་ཧ་ལས་པ་བསྟན་སོང་།ཡིན་ནའང་ ཡིད་སྐྱོ་བ་ཞིག་ལ་གཞོན་སྐྱེས་དེ་ཚོས་བོད་སྐད་བཤད་མི་ཤེས་པ་དང་། སྐབས་དེར་ཁོང་ཚོས་ཀྱང་དབྱིན་སྐད་བཤད་མི་ཤེས་པས་ཐད་ཀར་ཕན་ཚུན་ལ་ཁ་བརྡ་བྱེད་མ་ཐུབ་པར། བོད་སྐད་ཤེས་པའི་ཨ་རི་བ་ཞིག་གི་སྐད་བསྒྱུར་ལ་བསྟེན་དགོས་བྱུང་།
ཡང་དོན་གྲུབ་གྱིས། གཞོན་སྐྱེས་དེ་ཚོའི་ནང་ནས་གསུམ་བཞི་ཞིག་ལ་ད་ལྟའང་འབྲེལ་བ་ཡོད། ཁོང་ཚོ་བོད་སྐད་དང་བོད་ཡིག་སྦྱོང་བར་རྡ་རམ་སར་སོང་བ་དང་ད་ལྟ་བོད་སྐད་བཤད་ཐུབ་ཀྱི་ཡོད་པ་རེད། ན་གཞོན་དེ་ཚོས་བཤད་ན་ཁོང་ཚོ་ཆུང་དུས། ཕ་མས་བོད་སྐད་དང་བོད་ཡིག་མ་བསླབ་པ་དང་། བོད་སྐད་བཤད་མ་ཤེས་པས་སེམས་ལ་སྡུག་བསྔལ་མང་པོ་བྱུང་ཡོད་པ་དང་།ཡང་སྔོན་ཆད་ལོ་བཞི་བཅུ་ལྷག་གི་སྔོན་ལ་ཁ་ན་ཌའི་ནང་དུ་བསླེབས་པའི་བོད་པའི་སྐྱབས་བཅོལ་བ་ཚོའི་བུ་ཕྲུག་ཚོས་བོད་སྐད་གཙང་མ་བཤད་ཤེས་ཀྱི་ཡོད་པའི་ཁྱད་པར་ཡོད་པ་མཐོང་བ་ལ་བརྟེན་ནས། ང་རང་གི་བྱིས་པ་གཉིས་ལ་བོད་སྐད་དང་བོད་ཡིག་མ་བསླབ་ན་མི་འགྲིག་པ་ཧ་གོ་སྟེ་དམ་བཅའ་བཞག་པ་ཡིན་ཞེས་གསུངས།
ཁོང་གི་བྱིས་པ་སྐྱོང་ཐབས་ཀྱི་བསམ་ཚུལ་དང་ཉམས་ལེན་སྐོར་གྱི་དོན་ཚན ༡༣ བཏོན་པ་གཤམས་གསལ།
༡ ང་ལ་བྱིས་པ་གཉིས་ཡོད། ངའི་བྱིས་པ་གཉིས་ཀྱིས་ཨ་མདོའི་འབྲོག་སྐད་གཙང་མ་བཤད་ཤེས་ཀྱི་ཡོད། བོད་པའི་ཕ་གཅིག་གི་འགན་དེ་ཁུར་ཡོད་བསམ་པའི་སྤོབས་པ་ཡོད།
༢ བོད་མི་མང་བོ་ཞིག་གི་སེམས་ལ། བྱིས་པར་བོད་སྐད་ཡིག་བསླབ་པ་དང་། བོད་པའི་སློབ་གསོའི་ལས་དོན་སྒྲུབ་པ་སོགས་ནི་བོད་དོན་ལ་ངོས་འཛིན་བྱེད་ཀྱི་མི་འདུག ཁོང་ཚོས་བོད་དོན་ནི་ཚོགས་པ་ཞིག་གི་ནང་དུ་འཛུལ་ནས་ལས་ཀ་བྱེད་དགོས་པ་རེད་བསམ་གྱི་འདུག ངའི་བསམ་ཚུལ་ལ་དེ་ནི་ནོར་འཁྲུལ་རེད་བསམ་གྱི་ཡོད།
༣ ཕྱི་རྒྱལ་ན་ཡོད་པའི་བོད་པའི་ཕ་མ་ཚོས་རང་གི་བྱིས་པ་དང་ལྷན་དུ་དུས་ཚོད་མང་བོ་བསྐྱལ་ཏེ་བྱིས་པའི་ཁོར་ཡུག་དང་བྱིས་པ་ལ་བོད་སྐད་མ་བཤད་པ་ཡིན་ན། བྱིས་པས་བོད་སྐད་ཇི་ལྟར་བཤད་ཤེས།
༤ ཕ་མས་བྱིས་པ་ཕྱི་ཕྱོགས་སུ་ཁམས་གསེང་ལ་འཁྲིད་དུས་བྱིས་པའི་རྒྱབ་ཁུག་ནང་དུ་རི་མོ་ཡོད་པའི་བོད་ཀྱི་བྱིས་པའི་ཀློག་དེབ་རེ་ཁྱེར་བའི་གོམས་གཤིས་བསླབ་པ་ཡིན་ན། བྱིས་པ་ཆུང་དུས་ནས་སེམས་ལ་བོད་ཡིག་ཀློག་དེབ་ལ་དགའ་བའི་བག་ཆགས་ཡག་པོ་འཇོག་ཐུབ།
༥ བོད་གཤིས་ཡོད་པའི་བྱིས་པ་ཞིག་གསོ་སྐྱོང་བྱེད་འདོད་ན། བོད་སྐད་བཤད་ཤེས་པ་དང་བོད་གཤིས་གཙང་མ་ཡོད་པའི་བྱིས་པའི་ཕ་མ་ལ་འགྲོགས་འདྲིས་བྱས་ཏེ། ཉམས་མྱོང་བརྗེ་རེས་ཀྱི་ལམ་ནས་སློབ་སྦྱོང་བྱེད་ཐུབ་ན་ཕན་ཐོགས་ཆེ།
༦ ཕ་མས་བྱིས་པའི་ཉིན་རེའི་ལས་རིམ་ལ་སྣང་མེད་མི་བྱེད་པ་དང་། མ་རབས་ཀྱི་བྱ་བར་ཞུགས་དུས་ཁ་ཏ་ནན་མོ་བྱེད་པའི་གོམས་གཤིས་རྒྱུན་འཁྱོངས་དང་།བྱིས་པའི་རྒྱུད་ལ་བྱ་བ་ཚང་མར་ནན་ཏན་བྱེད་པའི་གོམས་གཤིས་ཆགས་ཐུབ་པར་གཟབ་དགོས།
༧ བྱིས་པས་གཞན་ལ་ཕོག་ཐུག་གཏོང་བ་དང་གུས་ཞབས་མེད་པ་བྱེད་དུས། དེ་མ་ཐག་དགོངས་དག་ཞུ་རུ་འཇུག་དགོས། གལ་སྲིད་དེ་ལྟར་མ་བྱས་ན། བྱིས་པ་ཆུང་ཆུང་ཡིན་པས་ལེགས་ཉེས་ཀྱི་དབྱེ་བ་འབྱེད་མི་ཐུབ།
༨ བྱིས་པས་ཉེན་ཁ་ཆེ་བའི་ནོར་འཁྲུལ་བཟོས་ན་མ་གཏོགས་བྱིས་པར་རྩ་བ་ནས་གཅར་མི་ཉན།
༩ བྱིས་པ་ལ་ངེས་པར་དུ་གཅར་དགོས་པའི་གནད་དོན་ཞིག་བྱུང་ན། སེམས་ལྷོད་ལ་བབས་ཏེ་བྱིས་པའི་འཕོང་ཤའི་སྟེང་ལ་ཐལ་ལྕག་རེ་གཞུས་ན་མི་སྐྱོན།
༡༠ བྱིས་པས་ནོར་འཁྲུལ་རེ་བཟོས་ཚེ་རྒྱུ་མཚན་དང་གནས་ལུགས་བཤད་དེ་ལེགས་བཅོས་བྱེད་དུ་འཇུག་དགོས།
༡༡བྱིས་པར་སྒྲིག་ལམ་འཇོག་དུས་ཁ་དོན་ཚིག་ལ་གནས་དགོས། གལ་སྲིད་ཁ་དོན་ཚིག་ལ་མ་གནས་ན། བྱིས་པའི་ཁྱེད་ཀྱི་ཁ་ལ་མི་ཉན་ལ། ཁྱེད་ཀྱིས་བཞག་པའི་སྒྲིག་ལམ་ལའང་ནན་ཏན་མི་བྱེད།
༡༣ བྱིས་པའི་འདོད་པ་ལྟར་བྱས་ཏེ་སྐྱག་ལངས་ལ་བཏང་བ་ཡིན་ན། བྱིས་པ་གསོ་སྐྱོང་ཡག་པོ་བྱེད་མི་ཐུབ་པས་གཟབ་དགོས།
གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གིས་སྤྱི་ལོ ༢༠༡༦ ལོའི་ཟླ ༡༡ པའི་༢༤ ཉིན། གཡག་རྒོད་བྱིས་སྒྲུང་གླིང་ནས།
Topic: བོད་པའི་ཕ་གཅིག་གི་འགན་དེ་ཁུར་ཡོད་བསམ་པའི་སྤོབས་པ་ཡོད།
No comments found.
New comment
Name
Subject
Comment
Please copy this text: 51522302d615
Menu
གློག་ཀླད་ལས་འཆར། Computer Project
བྱིས་སྐྱོང་བསླབ་བྱ།
སྐད་ཡིག་བསླབ་བྱ། Quotes
བསླབ་བྱ་གྲགས་ཆེན། Famous Quotes
ང་ཚོའི་སྐོར། About us
བྱིས་སྐྱོང་སློབ་གསོའི་མན་ངག་གཅེས་བཏུས།
བྱིས་པའི་གླུ་གཞས། Children's songs
བྱིས་པའི་བརྙན་འཕྲིན། Videos
ཐ་སྙད་གསར་བ།new vocabulary
བོད་ཡིག་སྦྱོང་ས། Learning Tibetan
སྒྲ་ལྡན་བྱིས་སྒྲུང་། Stories on MP3
འདྲ་པར། Event Photos
ཚོང་ཁང་། Shopping
ལོ་རེའི་སྙན་ཐོ། Annual report
བྱ་འགུལ། Events
སྣ་ཚོགས། Variety
གཡག་རྒོད་དང་འབྲེལ་བའི་གསར་འགྱྱར། Wildyaks in the news
Search site
Search site
Contact
Administrator
416-453-9887
admin@wildyaks.com
Homepage
Site map
RSS
Print